བུ་མོ་ཨཱེ་མ་ཝཊི་ཟན(་ Emma Watson )གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་བཤད་པའི་སྐད་ཆ།

སྒྱུར་མཁན། གངས་ལྷ་མོ།

དེ་རིང་ངས་མཉམ་འབྲེལ་རྒྱལ་ཚོགས་ཚབ་ཞུས་ཏེ་ཁྱོད་ཚོར་བཤད་རྒྱུ་ནི། ང་ཚོས་ཁོ་བོ་མོའི་ཆེད་དུ་ He For She ཟེར་བའི་ལས་འགུལ་ཞིག་འགོ་བརྩམས་རྒྱུ་རེད། ང་འདིར་ལངས་ཏེ་ཁ་པར་བཟུང་དགོས་པའི་རྒྱུ་མཚན་ནི་ལས་འགུལ་འདིར་ཁྱོད་ཀྱིས་རོགས་སྐྱོར་དགོས་པས་ཡིན། ང་ཚོས་ཕོ་མོ་དབར་འདྲ་མཉམ་མེད་པ་འདི་རྩ་མེད་བཟོ་དགོས་བསམ་ཡོད། འོན་ཀྱང་བསམ་བློ་འདིར་མི་ཚང་མ་མཉམ་བཞུགས་དགོས་ཀྱི་འདུག འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགུལ་འདིའི་རིགས་ཀྱི་ཐོག་མ་དེ་ཡིན། ང་ཚོས་སྐྱེས་པ་དང་བུ་ཚོའང་ལས་འགུལ་འདིའི་ནང་མཉམ་དུ་འཛུལ་ཞུགས་ཡོང་བར་བསྐུལ་འདེད་ཡོང་བའི་རེ་བ་ཡོད། གང་ཡིན་ཟེར་ན། ཁྱོད་ཚོ་ནི་ཕོ་མོ་འདྲ་མཉམ་གྱི་མགྲིན་ཚབ་པ་ལེགས་ཤོས་དེ་ཚོ་རེད། ང་ཚོས་ཕོ་མོ་འདྲ་མཉམ་གྱི་ཉི་མོ་ཞིག་འཆར་བའི་སྐོར་བགྲོ་གླེང་དང་ཕུག་བསམ་བཅང་པ་ཙམ་མིན་པར་ང་ཚོས་དེ་དག་མངོན་འགྱུར་ཡོང་བའི་ཉི་མ་ཞིག་ཤར་བའི་རེ་བ་ཡོད། ཟླ་བ་དྲུག་གི་སྔོན་ནས་བཟུང་ང་རང་མགྲིན་ཚབ་པ་ཆགས་པ་དང་། ངས་བུད་མེད་རིང་ལུགས་སྐོར་གླེང་བ་འགོ་བརྩམས་སྐབས། བུད་མེད་ཀྱི་ཁེ་དབང་བརྩོན་ལེན་བྱེད་པའི་བུད་མེད་རིང་ལུགས་པ་ཟེར་བ་འདི་རིམ་གྱིས་ཚང་མའི་མཐོང་སྣང་དུ་སྐྱེས་པ་ལ་སྐྱུག་བྲོ་བ་ཟེར་བ་ཞིག་གི་མིང་གི་རྣམ་གྲངས་སུ་གྱུར་བཞིན་པ་མཐོང་གི་ཡོད། འོན་ཀྱང་ངས་ངོ་བོ་གཏན་འབེབས་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་ཤེས་ཡོད་ལ་ལོག་འགྲེལ་འདི་ངེས་པར་དུ་མཚམས་འཇོག་བྱ་དགོས།

བུད་མེད་རིང་ལུགས་ནི་སྐྱེས་པ་ལ་སྐྱུག་མེར་བར་གོ་མི་དགོས། བུད་མེད་རིང་ལུགས་པས་སྐྱེས་པ་དང་བུད་མེད་གཉིས་ཀར་འདྲ་མཉམ་གྱི་དབང་ཆ་དང་གོ་སྐབས་ཐོབ་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། བུད་མེད་རིང་ལུགས་པས་རིགས་མི་འདྲ་བ་ཕྱོགས་གཉིས་ནས་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཐོག་ནས་འདྲ་མཉམ་གྱི་གོ་ས་ཞིག་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།

ང་རང་ལོ་བརྒྱད་སྐབས་སུ། ངས་ཕ་མའི་བྱིས་པའི་ཟློས་གར་ཁང་ཞིག་ཏུ་འཁྲབ་སྟོན་ཞིག་གཙོ་སྐྱོང་བྱ་བསམ་པའི་དབང་གིས། དུས་དེ་ནས་བཟུང་ངས་མཚན་མི་མཐུན་པར་འཁྲབ་ཡུལ་གྱི་གཏན་ཆགས་ངོ་བོ་ཞིག་གཏན་འབེབས་སྦྱིན་པ་དེར་དོགས་པ་སྐྱེས་བྱུང་། གནས་སྟངས་དེ་འདྲ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག ང་ལོ་བཅོ་ལྔའི་སྐབས་སུ་ངའི་ཉེ་འཁྲིས་སུ་ཡོད་པའི་བུད་མེད་གྲོགས་མོ་དེ་མི་ཚོས་མཐོང་སྣང་ལ། སྐྱེས་པ་དང་འདྲ་ཞེས་ཆེ་བར་བརྗོད་པ་དེར་མི་འདོད་དབང་གིས་མོ་རང་དགའ་མོས་བྱེད་སའི་རྐང་རྩེད་སྤོ་ལོ་རུ་ཁག་ནས་ཕྱི་འཐེན་བྱས་པ་རེད། ང་རང་ལོ་བཅུ་དྲུག་སྐབས་ངའི་ཉེ་འཁྲིས་སུ་ཡོད་པའི་གྲོགས་པོ་དེས་ཁོའི་སེམས་ལ་སྡུག་བསྔལ་ཅི་ཙམ་ཆེའང་སོ་སོའི་ཉམས་ཆུང་སའི་དྲན་པ་བརྗེད་དཀའ་བ་དེ་གཞན་ལ་བཏོན་ཕོད་ཀྱི་མེད།

དུས་དེར་ངས་སོ་སོ་བུད་མེད་རིང་ལུགས་པ་ཞིག་ཡིན་པ་ཤེས་རྟོག་བྱུང་ཡོད། འོན་ཀྱང་དུས་དེ་རིང་བུད་མེད་རིང་ལུགས་པ་ཟེར་བ་འདི་རིམ་གྱིས་ངན་ཕྱོགས་ཀྱི་ནང་དོན་ལྡན་པའི་མིང་ཚིག་ཅིག་འགྱུར་བཞིན་འདུག མི་རྣམས་ཀྱིས་སོ་སོ་བུད་མེད་རིང་ལུགས་པ་ཞིག་ཡིན་མིན་ལང་ཕྱོགས་འཛིན་པར་འཚུབ་ཆ་ལངས་བཞིན་ཡོད། གང་ཡིན་ཟེར་ན། མི་ཚོགས་ཁྲོད་ནས་རང་ཉིད་བུད་མེད་རིང་ལུགས་པ་ཡིན་ཞེས་བསྒྲགས་ན་ཁོ་མོ་ཚོར་འབུར་དུ་ཐོནཉེན་དང་། གཞན་ལ་ངར་ཤུགས་ཆེན་པོ་བཏོན་མཁན། ཡང་ན་ཁེར་རྐྱང་ཆེ་དྲག་པ། སྐྱེས་པ་ལ་སྐྱུག་མེར་མཁན་དང་། ཡིད་དབང་འཕྲོག་ཤུགས་ཉམས་པ་སོགས་ཀྱི་མིང་རྗེས་ངན་པ་རེ་བཏགས་མི་ཡོང་ངམ་བསམ་ནས་ཞེད་སྣང་སྐྱེ་བཞིན་ཡོད་པ་རེད།

འོན་ཀྱང་ང་ཚོ་བུད་མེད་རིང་ལུགས་ལ་འདི་ལྟར་སྐྲག་སྣང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ང་ཚོས་བུད་མེད་རིང་ལུགས་པར་ངོས་འཛིན་ནོར་འཁྲུལ་ཅན་ཕྱོགས་གང་དག་ཡོད་དམ།

ང་རང་ཉིད་ལ་ཆ་བཞག་ནས་བཤད་ན། ང་དབྱིན་ཇི་ནས་ཡིན། ངས་བུད་མེད་རྣམས་ལས་གནས་ཐོག་སྐྱེས་པ་ཕོ་དང་གཅིག་མཚུངས་ཀྱི་ཡོང་བབས་ཐོབ་དགོས་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། ངས་བུད་མེད་ཚོས་སོ་སོའི་ལུས་ཕུང་ལ་དམ་འཛིན་གྱི་དབང་ཆ་ཆ་ཚང་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ངས་སོ་སོའི་ལ་ཁབ་ཏུ་བུད་མེད་རྣམས་ཆབ་སྲིད་དང་ཐག་གཅོད་ཀྱི་དབང་ཆ་ཡོད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། ངས་བུད་མེད་རྣམས་སྐྱེས་པ་དང་གཅིག་མཚུངས་ཀྱི་སྤྱི་ཚོགས་ནས་བརྩི་བསྐུར་ཐོབ་དགོས་པར་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་དུས་དེ་རིང་གི་བར་དུ། འཛམ་གླིང་ཐོག་ཏུ་རྒྱལ་ཁབ་མང་པོ་ཞིག་གི་བུད་མེད་ཚོ་ལའང་གོང་གསལ་གྱི་དབང་ཆ་དེ་དག་ཐོབ་མི་འདུག་ལ། རྒྱལ་ཁབ་མང་པོས་ཀྱང་ཁོ་ཚོར་ཕོ་མོ་དབར་འདྲ་མཉམ་བྱུང་ཚར་ཞེས་བཤད་པའི་སྤོབས་པ་ཡོད་ས་མ་རེད། འོན་ཀྱང་ང་རང་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ང་ནི་བསོད་བདེ་ཅན་གྱི་ཕྲུ་གུ་ཞིག་ཡིན་པར་འདོད། ངའི་ཕ་མ་གཉིས་ནས་ང་རང་བུ་མོ་ཞིག་ཡིན་པའི་རྐྱེན་གྱིས་ང་ལ་གཞན་ལས་བརྩེ་བ་ཉུང་བ་གང་ཡང་བྱུང་མེད། ང་བུ་མོ་ཡིན་པའི་རྐྱེན་གྱིས་སློབ་གྲྭར་འགྲོ་བའི་དབང་ཆ་འཕྲོག་མེད། ངའི་རྒན་ལགས་ཀྱིས་ང་ནི་མ་འོངས་པར་ཕྲུ་གུ་སྐྱེ་བའི་བུད་མེད་ཅིག་ཡིན་པའི་དབང་གིས་ངའི་གྲུབ་འབྲས་གཞན་ལས་ཞན་ཆོག་པའི་བཀའ་སློབ་གནང་མེད། གཅིག་བྱས་ན་ཁོང་ཚོས་གནང་བའི་བྱ་བ་དེ་དག་ཡོངས་ནི་བུ་མོ་ཆུང་ཆུང་ཞིག་ལ་མཚོན་ ན་ཤུགས་རྐྱེན་ཇི་ཙམ་ཐེབས་ཀྱི་ཡོད་མེད་སྐོར་བསམ་བློ་གཏོང་མྱོང་མེད་ནའང་། འོན་ཀྱང་ཁོང་ཚོས་ཕྱིར་མི་མངོན་པའི་ཐོག་ནས་ད་ལྟའི་ང་རང་གྲུབ་པར་བསྐུལ་འདེད་བྱས་ཡོད། ངས་བསམ་ན། ང་ཚོའི་སྤྱི་ཚོགས་ལ་ཁོང་ཚོ་ལྟ་བུའི་མི་མང་ཙམ་དགོས་ཀྱིན་འདུག

གལ་ཏེ་ཁྱོད་རང་ད་དུང་བུད་མེད་རིང་ལུགས་ཅེས་པའི་ཚིག་འདི་ལ་དགའ་པོ་མེད་ན། ངས་ཁྱོད་ལ་དོན་དངོས་ཐོག་གལ་ཆེ་བ་ནི་བུད་མེད་རིང་ལུགས་ཟེར་བའི་མིང་ཚིག་འདི་མ་ཡིན་པར་དེ་ནི་མིང་ཚིག་དེའི་རྒྱབ་ལྗོངས་ཀྱི་བསམ་བློའ་ིའཁྱེར་སོ་དང་དེའི་ཕུགས་བསམ་ཡིན་པ་ར་སྤྲོད་བྱེད་ཐུབ། གང་ཡིན་ཟེར་ན་ངས་ འཇིག་རྟེན་འདིའི་ཐོག་བུད་མེད་མང་པོ་ཞིག་ང་ནང་བཞིན་ལམ་འགྲོ་ཡོད་མཁན་མིན་པ་ཤེས་ཀྱི་ཡོད། བུད་མེད་ མང་པོ་འཚར་ལོངས་བྱུང་བའི་གོ་རིམ་ནང་བུད་མེད་ཀྱི་ངོ་བོ་འདིའི་ཐོག་ནས་མོ་དེ་ཚོར་དཀའ་སྡུག་མང་པོ་དང་ མཐོང་ཆུང་མང་པོ་མྱོང་དགོས་བྱུང་ནས་དེ་དག་གི་མི་ཚེའི་ལམ་བུ་དཀའ་ཚེགས་ཆེ་བ་ཡིན་པ་ཤེས་ཡོད།

༡༩༩༧ ལོར་ཧཱི་ལ་རིས་ཁི་ལིང་ཏྲོན་ Hilary Clinton གྱིས་པཱེ་ཅིང་ལ་བུད་མེད་ཀྱི་དབང་ ཤུགས་སྐོར་གྱི་གཏམ་བཤད་ཐེངས་གཅིག་བྱས་ཡོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་སྐབས་དེར་མོ་རང་ གི་རེ་འདུན་མང་པོ་ཞིག་ད་དུང་ཡང་གྲུབ་མེད་པ་རེད། དེ་བས་ང་རང་ཧ་ལས་དགོས་པ་ཞིག་སྟེ་སྐབས་དེར་ ཚོགས་རར་སླེབས་པའི་མི་ཚོགས་ཀྱི་བརྒྱ་ཆ་ ༣༠ དེ་དག་སྐྱེས་པ་རེད། གལ་ཏེ་སྐྱེས་པ་ཚོར་གདན་ཞུའི་ཡི་ གེ་རག་མེད་པའི་དབང་གིས་ཚོགས་རའི་ནང་ཁ་བརྡ་བྱ་བའི་དབང་ཆ་མེད་ན་ང་ཚོས་མཁྲེགས་གཟུགས་སུ་ གྱུར་ཚར་བའི་མཚན་མའི་དབྱེ་འབྱེད་དེ་བཅོས་བསྒྱུར་ཇི་ལྟར་གཏོང་དགོས་སམ། དེར་བརྟེན་བརྩེ་བའི་སྐྱེས་པ་རྣམས། ངའི་རེ་བ་ལ་སྤྱི་ཁྱབ་ཀྱི་ཐོག་ནས་ཁྱེད་རང་གདན་འདྲེན་ཞུ་བའི་རེ་བ་ཡོད། གང་ཡིན་ཟེར་ན་ཕོ་མོ་དབར་ གྱི་འདྲ་མཉམ་རྩོད་ཡུལ་འདིའང་ཁྱེད་ཀྱིས་བརྩོན་ལེན་འོས་པའི་ཐོབ་ཐང་རེད། དབྱེ་འབྱེད་དོ་དམ་དབང་གིས་ ཁྱོད་ཚོར་མཚོན་ནའང་འདི་གཅིག་མཚུངས་ཀྱི་སྡུག་བསྔལ་གྱི་འབྱུང་རྩ་ཞིག་རེད།

གང་ཡིན་ཟེར་ན་དེ་རིང་མ་སླེབས་ཀྱི་བར་དུ་ངས་ཕོ་གཞོན་མང་པོས་གཞན་ནས་རོགས་རམ་ འཚོལ་ཐབས་མེད་པའི་དབང་གིས་མི་མང་འདུ་ཚོགས་ས་ནས་སོ་སོའ་ིཉམས་སྐྱོ་བའི་ཕྱོགས་མཚོན་ཐབས་ མེད་རྐྱེན་བསམ་བློར་སྡུག་ངལ་གཏིང་ཟབ་ཅིག་མྱོང་བཞིན་ཡོད་པ་ཤེས་ཡོད། གང་ཡིན་ཟེར་ན་ཁོ་ཚོས་སོ་ སོའ་ིཚོར་བ་ཕྱིར་མངོན་པར་ཞེད་སྣང་སྐྱེ་བཞིན་པ་དེ་གཞན་གྱིས་མཐོང་སྣང་ལ་ཁོ་ཚོར་སྐྱེས་པ་ཕོའ་ིཉམས་ བརླགས་པ་ལྟ་བུར་མཐོང་སྲིད་པར་འཇིགས་སྐྲག་སྐྱེས་ནས་ཡོད། དོན་དངོས་ཐོག་ཨཱིན་ཇིར་མཚོན་ན། རང་ ལོ་ ༢༠ ནས་ ༤༩ དབར་གྱི་སྐྱེས་པ་རང་ཤི་རྒྱབ་པའི་བསྡུར་ཚད་དེ་ནི་གཞན་འགྲེམ་འགྲུལ་སྐབས་ཤི་རྐྱེན་དང་ ཀྲཱན་ནད། སྙིང་ནད་བཅས་ཀྱི་ཤི་རྐྱེན་ལས་ལྡབ་འགྱུར་གྱི་མང་བ་ཡོད་པ་དེ་ནི་ཤི་རྐྱེན་ཐོག་མ་ཡིན་པ་རེད། དེ་ བས་ངས་སྐྱེས་པ་རྣམས་ཀྱིས་སྤྱི་ཚོགས་ཐོག་ནས་སྐྱེས་པའི་གྲུབ་འབྲས་ཟེར་བའི་རེ་འདུན་ལྟར་ཡོང་ཐབས་ མེད་པའི་དབང་གིས་དེའི་བརྒྱུད་རིམ་ནས་ཕམ་ཁར་ལྷུང་གི་ཡོད། སྐྱེས་པ་ཚོར་མཚོན་ན། ཁོ་ཚོར་ཡང་གཅིག་ མཚུངས་ཀྱི་དབྱེ་འབྱེད་ཀྱི་གནོན་ཤུགས་གཅིག་འཕྲད་བཞིན་པ་རེད།

ང་ཚོས་རྒྱུན་དུ་སྐྱེས་པ་རྣམས་དེའི་སྐོར་གྱི་དབྱེ་འབྱེད་བྱུང་བའི་སྒྲོམ་གཞིའི་ནང་གི་དཀའ་སྡུག་སྐོར་ གླེང་སྲོལ་མེད། འོན་ཀྱང་གནས་ཚུལ་དེ་དོན་དངོས་ཐོག་གནས་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོས་བུད་མེད་ཁོ་ནའི་དབང་ཆ་བརྩོན་ལེན་བྱེད་པ་མིན་པར་ཕོ་མོ་གཉིས་ཀའི་དབང་ཆ་ཞིག་བརྩོན་ལེན་བྱེད་ཀྱི་ཡོད། ང་རང་ སྐྱེས་པ་དང་བུད་མེད་སུ་ཡིན་ཡང་རང་དབང་གི་སྒོ་ནས་སོ་སོའ་ིཉམས་སྐྱོ་བའི་ཕྱོགས་བཤད་ཐུབ་པ་ཞིག་ལ་ ཡིད་ཆེས་བྱེད་ཀྱི་ཡོད། སྐྱེས་པ་དང་བུད་མེད་ཚང་མས་རང་དབང་གི་ཐོག་ནས་སོ་སོའ་ིསྲ་བརྟེན་འགྱུར་མེད་ཀྱི་ ཕྱོགས་ཕྱིར་མངོན་དགོས་པ་ལས་གཞན་དབང་སྟབས་བསྟུན་མི་དགོས་པ་ཞིག་དགོས།

ང་ཚོས་ཕོ་མོ་དབྱེ་འབྱེད་འདི་གཡོ་འགུལ་བྱེད་བཞིན་པའི་འོད་སྣང་ཞིག་ལ་བརྩིས་པ་ལས་ཕོ་མོ་ གཉིས་ཀྱི་དབར་དགྲ་ཁ་གཏད་དང་ཕུགས་བསམ་ལ་གཏན་འབེབས་ལྟ་བུ་ཞིག་བཟོ་མི་དགོས།

He For She ལས་འགུལ་འདི་དོན་དངོས་ཐོག་ཕོ་མོ་ཕྱོགས་གཉིས་ཀྱི་རང་དབང་ཞིག་བརྩོན་ ལེན་བྱེད་ཀྱི་ཡོད་པ་རེད། ངའི་རེ་བ་ལ་སྐྱེས་པ་རྣམས་ནས་ཀྱང་འོས་འགན་འདི་ཕྲག་པར་འཁྱེར་ཏེ་ཁྱོད་ཚོའི་བུ་ མོ་དང་སྲིང་མོ་གཅེན་གཅུང་རྣམས། ཁྱོད་ཚོའི་མ་ཡུམ་རྣམས་ལ་ཕོ་མོའ་ིདབྱེ་འབྱེད་ཀྱི་མཐོང་ཆུང་ཞིག་མྱོང་མི་ དགོས་པར་བཟོ་དགོས་པ་དུས་མཚུངས་སུ་ཁྱོད་ཚོའི་བུ་རྣམས་ཀྱིས་ཀྱང་ཁོ་ཚོའི་མི་གཤིས་ཀྱི་ཉམས་སྐྱོ་བའི་ ཕྱོགས་ཕྱིར་མངོན་ཐུབ་པ་ཞིག་བཟོ་དགོས། ཕོ་མོ་སུ་རུང་ཡང་སོ་སོའ་ིཕྱོགས་ནས་སྤྱི་ཚོགས་ཀྱིས་དེ་དག་ འོས་འཚམས་སུ་ངོས་འཛིན་མི་བྱེད་པའི་ཕྱོགས་དེ་ཕྱིར་འཚོལ་བསྙེག་ཐུབ་པ་མ་ཟད། དེ་ནས་དྲང་བདེན་དང་ འཐུས་ཚང་གི་སྒེར་སོ་སོ་ཞིག་གྲུབ་ཐུབ་པ་བྱ་དགོས། འདིར་སྡོད་པའི་མི་མང་པོ་ཞིག་ཧཱ་རི་པོ་ཐི་རིས་ཟེར་བ་ འདིར་ལངས་ནས་ག་རེ་བྱ་བརྩིས་ཡོད་དམ་སྙམ་སྲིད་པ་དང་། མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེངས་ཆ་འདིར་ ལངས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་སྙམ་སྲིད། དེ་ནི་དྲི་བ་ཧ་ཅང་ཡག་པོ་ཞིག་རེད། ངས་ཐོག་མཐའ་ བར་གསུམ་དུ་སོ་སོར་དྲི་བ་འདི་འདྲ་ཞིག་འདྲི་བཞིན་པར་ཡིད་ཆེས་ཡོད། དོན་དངོས་ཐོག་ངས་སོ་སོ་འདིར་ ལངས་པའི་སྤུས་ཚད་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་ངས་སོ་སོས་གནད་དོན་འདིར་ཧ་ཅང་མཐོང་ཆེན་བྱེད་ ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་བས་ངས་སྒེར་གྱི་ནུས་ཤུགས་ཡོད་རྒུས་གནས་སྟངས་འདི་བཅོས་བསྒྱུར་གཏོང་ བསམ་གྱི་ཡོད། དེ་ལྟར་ཕོ་མོ་གཉིས་ཀ་འཚོ་བ་ཡག་པོ་ཞིག་བསྐྱེལ་ཐུབ་པའི་རེ་བ་བཅང་བཞིན་ཡོད།

ངས་སོ་སོའ་ིཉེ་འཁྲིས་ཀྱི་དཔེ་མཚོན་མང་པོ་མཐོང་ཡོད། གོ་སྐབས་འདི་བྱུང་ནས་བཟུང་ངས་སོ་སོ་ཕྱིར་དོན་ནས་སྐད་ཆ་འགའ་ཡང་བཤད་དགོས་པར་ངོས་འཛིན་བྱས་ཡོད། ཨཱེ་ཨར་རན་གྱི་ཆབ་སྲིད་དང་གཏམ་བཤད་ཆེད་མཁས་ Edmund Burke ཡིས་ངན་པ་རྒྱལ་ཁ་ཐོབ་པ་ནི་ལས་སྟབས་བདེ་ཞིག་སྟེ་ཕོ་མོ་སུ་ ཡིན་ཡང་བཅོས་བསྒྱུར་གང་ཡང་གཏོང་འདོད་མེད་ན་དེ་གས་འགྲིག་པ་རེད། ཅེས་བཤད་མྱོང་བ་དེས་ཁོ་མོར་ཤུགས་རྐྱེན་གཏིང་ཟབ་བཞག་ཡོད།

དོན་དངོས་ཐོག་ང་རང་གཏམ་བཤད་འདིར་འཚུབ་ཆ་ལངས་ཀྱི་འདུག ངས་སོ་སོར་དོགས་པའང་ཟ་ མྱོང་། འོན་ཀྱང་ང་རང་སྲ་བརྟན་འགྱུར་མེད་ཀྱི་སྒོ་ནས་སོ་སོར་གལ་ཏེ་ང་མིན་ན་སུ་ཡིན། ཞེས་དྲི་བ་བཀོད་མྱོང་ ། གལ་ཏེ་ད་ལྟའི་དུས་མིན་ན་ག་དུས་ཡིན་དགོས་སམ། ཞེས་དྲི་བ་བཀོད་ཡོད། དེ་རྗེས་ངས་ང་རང་སྒུག་ལོངས་ མེད་པར་ཤེས། གང་ཡིན་ཟེར་ན་ང་ཚོའི་རེ་འདུན་མང་པོ་བཤད་བཞིན་པ་བདེན་ཡང་མངོན་འགྱུར་གྱི་འོད་སྣང་ ཙམ་འཕྲོ་ཐབས་མེད་པ་དེ་རེད།

མིག་སྔར་གྱི་དོན་དངོས་ལྟར་ན་ཕོ་མོ་གཉིས་ལས་འཇུག་དང་ཡོང་བབས་གཅིག་མཚུངས་ཡོང་བར་ད་དུང་ཡང་ལོ་ངོ་བརྒྱ་ཙམ་སྒུག་དགོས་ཀྱི་རེད། ད་དུང་ཉུང་མཐའ་ཡང་གཞོན་ནུ་མ་ ༡༥༠༠ ཙམ་ལོ་ན་མ་སོན་ པའི་སྔོན་དུ་བཙན་དབང་གི་སྒོ་ནས་གཉེན་སྒྲིག་ལ་བཙན་བསྐུར་བྱེད་སྲིད་པ་རེད།

མཇུག་ཏུ་ཞིབ་འཇུག་གི་གྲུབ་དོན་ལྟར་ན་ ༢༠༨༦ ལོའ་ིསྔོན་དུ་ལྷོ་ཨཱ་ཧྥི་རི་ཁའི་གྲོང་གསེབ་ཀྱི་བུ་མོ་ཚང་མར་འབྲིང་རིམ་གྱི་སློབ་གསོ་རག་པའི་ཐོབ་ཐང་མེད་པ་འདི་རེད། གནས་ཚུལ་འདི་འདྲ་འབྱུང་མི་འོས་པ་ཞིག་ རེད། གལ་ཏེ་ཁྱོད་རང་འདྲ་མཉམ་ལ་ཡིད་ཆེས་ཡོད་ཚེ་ཁྱོད་ནི་འདྲ་མཉམ་གྱི་སྐུ་ཚབ་ཅིག་ཡིན་ཆོག་ལ། དེར་ བརྟེན་ངས་ཁྱོད་ལ་དགའ་བསུ་ཞུ་འདོད་ཡོད།

ང་ཚོས་སྔར་བཞིན་འཇིག་རྟེན་འདི་ལེགས་སུ་འགྲོ་བའི་ཆེད་དུ་ཧུར་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོར་མཐུན་སྒྲིལ་ཡོང་བའི་ལས་འགུལ་ཞིག་ཡོད་པ་འདིའི་མིང་ལ་ཁོ་བོ་ཁོ་མོའ་ིཆེད་དུ་ཞེས་པ་འདི་རེད། ངས་ཁྱོད་རང་མདུན་དུ་གོམ་པ་ཞིག་སྤོ་བར་གདན་འདྲེན་ཞུ། ཁྱོད་རང་གི་བསམ་ཚུལ་བཤད་པར་གདན་འདྲེན་ཞུ། ཁྱོད་ཀྱང་ ཕོ་མོ་གཉིས་ཀྱི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་གྱི་ཁོ་བོ་དང་ཁོ་མོ་ཞིག་ཆགས་པར་གདན་འདྲེན་ ཞུ། དེས་མ་ཚད་སོ་སོར་གལ་ཏེ་ང་མིན་ན་སུ་ཞིག་ཡིན་ཞེས་དང་། གལ་ཏེ་ད་ལྟ་མིན་ན་ག་དུས་རེད་དམ། ཞེས་ པའི་དྲི་བ་རེའང་བཀོད་པར་གདན་འདྲེན་ཞུ།

ཐུགས་རྗེ་ཆེ།

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3130